མེ་ཏོག་པདྨ་ཞིག་ཇི་བཞིན་འཛམ་གླིང་གི་ཡང་རྩེར་བཞད་པའི་མདོ་དབུས་མཐོ་སྒང་ནི་བརྩོན་འགྲུས་ཆེ་ཞིང་བློ་གྲོས་ལྡན་པའི་བོད་རིགས་མི་དམངས་ཀྱི་འཚོ་གནས་སུ་གྱུར་བ་ནས་བཟུང་། ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བའི་དམངས་ཁྲོད་རིག་གནས་ཀྱང་རིམ་པར་གྲུབ་པ་རེད། བོད་ཀྱི་གཏམ་དཔེ་ཞིག་ལ་བརྗོད་པ་ལྟར་དུ།གེ་སར་སྒྲུང་ལ་ཉན་ཙམ་གྱིས།། སྤྲང་པོ་ཡིན་ཡང་མཚོན་ཆ་འཐོག། མི་ལའི་མགུར་ལ་གསོན་ཙམ་གྱིས།། རྒྱས་སྲས་ཡིན་ངེས་འབྱུང་སྐྱེས་ཞེས་པ་ནང་བཞིན་བརྗོད་དོན་རྒྱ་ཆེ་ཞིང་འཆར་ཡན་ཁྲི་འབུམ་གྱིས་ཕྱུག་པའི་ཕྱག་ཕྲེང་གི་དམངས་ཁྲོད་གཏམ་རྒྱུད་ནི་དམངས་ཁྲོད་ཀྱི་དོན་བརྗོད་རྩོམ་རིག་ཅིག་སྟེ། དེ་རང་ཉིད་ལ་ཡོད་པའི་ཁྱད་པར་བའི་རིག་གནས་རང་གཤིས་དང་ལོ་རྒྱུས་ཀྱི་བདེན་གཤིས་དེས་ཕ་མེས་ཀྱི་རྣམ་དཔྱོད་དང་ལོ་རྒྱུས་ཀྱི་ཕྱིར་དྲན་ལ་ཟིན་ཐོ་བཏབས་ཡོད། དེ་ནི་ལོ་རྒྱུས་སྨག་རིམ་ཆེན་པོའི་གཏིང་རིམ་ན་གབ་བའི་མེ་ལོང་ཞིག་ཇི་བཞིན་གདོད་མའི་ཕ་མེས་རྣམས་ཀྱི་རང་གཤིས་དེ་གསལ་བར་བྱས་ཡོད། དེ་ཉིད་ཐུན་མིན་གྱི་སྐད་ཆ་དང་ཚབ་མཚོན་གྱི་གཏམ་རྒྱུད་རྣམ་པས་མི་རྣམས་ཀྱི་བྱ་སྤྱོད་སྣ་ཚོགས་མོལ་བསྡུར་བྱེད་ཀྱི་ཡོད་ལ། སྒམ་དཀྱེལ་གྱི་བློ་གྲོས་དང་ཕུན་ཚོགས་འཆར་ཡན་ལ་སྒྱུ་རྩལ་གྱིས་བཙོ་སྦྱང་བྱས་པའི་མི་རྣམས་ཀྱི་སེམས་ཀྱི་འཇིག་རྟེན་ཇེ་ཡངས་དང་རྣམ་དཔྱོད་ཇེ་རྒྱས་སུ་བཏང་ཡོད། དམངས་ཁྲོད་གཏམ་རྒྱུད་ཀྱི་ཕུན་ཚོགས་ལྷུན་སྡུག་གི་ནང་དོན་སྣ་ཚོགས་ཀྱིས་བོད་མི་རིགས་ཀྱི་འཚོ་བའི་ཕྱོགས་ཡོངས་མཚོན་པར་བྱས་ཡོད། དེས་ཕྱོགས་བསྡུས་རྣམ་པས་བོད་མིས་དབང་སྒྱུར་གྲལ་རིམ་ལ་བཟུང་བའི་རྒོལ་སེམས་དང་། བཀས་བཀོད་རྒྱུད་འཛིན་གྱི་ཡ་ང་བའི་བཤུ་གཞོག་ལ་སྡང་སེམས་དང་དེ་ཐེར་འདོན་བྱས་ཡོད། ད་དུང་ངལ་རྩོལ་དང་བླ་ན་མེད་པའི་སྤྱོད་བཟང་ལ་བསྔགས་བརྗོད། སླད་མེད་མཛེས་སྡུག་གི་བརྩེ་དུང་དང་རང་དབང་གི་འཚོ་བ་ལ་རེ་སྨོན། ཉམས་མྱོང་དང་ཤེས་བྱ། བློ་གྲོས་ཀྱི་རྣམ་དཔྱོད་སོགས་ཀྱི་རོལ་མྱོངས་དང་བྱ་དངོས་ཀྱི་རྩོད་སྒྲུབ་རྒྱུ་འབྲས་འབྲེལ་བ་སོགས་ལ་ཞིབ་འགྲེལ་ཡང་བྱས་ཡོད། སྐབས་འདིར་འཚོལ་བསྡུ་བྱས་པའི་དམངས་ཁྲོད་གཏམ་རྒྱུད་ནི་ཕྱག་ཕྲེང་གི་ཡུལ་ཁོངས་ཙམ་ན་ཁྱབ་བརྡལ་དུ་ཡོད་པའི་གཏམ་རྒྱུད་སྐོར་ཞིག་སྟེ་གྲངས་འབོར་བ་ལོང་བ་ཙམ་དུ་ཟད་མོད།དེ་དག་ཏུ་གོང་སྨོས་ཀྱི་ནང་དོན་དང་ཁྱད་ཆོས་དག་མངོན་པར་གསལ་ཡོད། ཐེངས་འདིར་རྣམ་པ་ཚོར་སློབ་སྦྱོང་དང་དཔྱད་གཞི་སོགས་ཀྱི་རྒྱུ་ཆའི་ཚུལ་དུ་སྤྱན་འབུལ་ཐུབ་པ་བྱུང་མོད།དེ་ཡང་སྐྱོན་དང་ནོར་འཁྲུལ་འདྲ་མིན་བྱུང་ཡོད་སྲིད་པས་གྲོགས་པོ་ཚོས་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ། སྔ་མོའི་དུས་སུ། སྨན་བ་ཞེས་པའི་ལུང་དེར་ཇག་ཚོ་ཁག་ཅིག་གིས་ཕྱག་ཕྲེང་ལུང་པར་ཇག་རྒྱག་གྲབས་ཀྱི་གཡོ་ཇུས་བཀོད། ཡིན་ན་ཡང་ཕྱག་ཕྲེང་ལུང་པའི་ས་རྒྱུས་གནས་ཚུལ་གསལ་པོར་མ་ཤེས་པས་གང་མོས་འོང་མ་ཕོད། ཉིན་ཞིག་ཇག་པ་རྣམས་གྲོས་བྱས་ནས་སྐག་ཐར་ཚེ་རིང་ཟེར་བའི་མི་སྙིང་ཆུང་སྡར་མ་ཝ་འདྲ་ཞིག་ཞིབ་བཤེར་དུ་བཏང་། མི་དེ་ལམ་ཆེན་ནང་འོང་མ་ཕོད་དེ་རྐང་ལམ་ཞིག་དུ་དེད་ནས་འོང་།སྔ་དྲོར་ལམ་བར་དུ་བྱ་དཀར་ཞིག་རིག མི་དེ་ཡིས་སྔོན་མར་བྱ་དཀར་མཐོང་མ་མྱོང་བས་ཁོའི་སེམས་ལ་ཨ་དཀར་ལུག་ཙམ་ཐོག་ཏུ་ཨ་ནག་ཕག་ཙམ་ཁུར་བའི་བྱ་འདི་ཅི་ཡིན་བསམ་ཞིང་དོགས་པ་ཟ། དེ་དུས་བྱ་དཀར་གྱིས་མི་རིག་བས་དངངས་སྐྲག་ལངས་ནས་ཀག་ཀེ་ཀོ་རིང་། ཀག་ཀེ་ཀོ་རིང་ཞེས་འདྲོགས་སྐད་ཤོར། ཁོས་སྐག་ཐར་ཚེ་རིང་། སྐག་ཐར་ཚེ་རིང་ཞེས་འབོད་པར་འཁྲུལ་ཏེ་བྱ་འདིས་ཀྱང་ངའི་མིང་ཤེས་ཚར་འདུག་བསམས་ནས་འཇིགས་སྣང་ཚད་མེད་སྐྱེས། དེ་ཡང་མར་མར་བབས་བཞིན་ཉིན་དགུང་ཉི་མ་དྲོ་ཞིང་ཚ་གདུག་ཆེ་བའི་སྐབས་ཚེར་ཕུང་མང་པོ་སྐྱེས་ཡོད་པའི་ས་ཁུལ་ཞིག་ཏུ་སླེབས། དེར་འབུ་འཛིང་འཛིང་གིས་འཛིང་འཛིང་འཛིང་ཞེས་འུར་སྒྲ་རྒྱག་པ་ཐོས་པས།སྐག་ཐག་ཚེ་རིང་གི་སེམས་ལ་འབུ་མཐེབ་མོ་ཙམ་འདིས་ཀྱང་འཛིང་འཛིང་ཞེས་དགྲ་སློང་བྱེད་ཤེས་འདུག་བསམས་ནས་ཁོའི་སེམས་སུ་སྔ་ལས་ལྷག་པའི་འཇིགས་སྐྲག་སློང་། དེར་ཕྱི་དྲོའི་དུས་སུ། ཉིན་གང་བགྲོད་ཚར་བའི་སྐག་ཐར་ཚེ་རིང་ནི་ཨ་ཐང་ཆད་དེ་ལམ་ཁ་ཞིག་ལ་ངལ་གསོ་ནས་སྡོད། སྐབས་དེར་ཁོ་གཅིན་སྐྱག་རྒྱས་ནས་གསང་སྤྱོད་ལ་ཕྱིན་པས་ཟྭ་ཚོད་རྐུབ་ལ་ཟུག དེ་དུས་ཁོས་རྐུབ་ལ་ཁབ་བཙུགས་པ་ལྟ་བུ་འདི་ཅི་ཡིན་བསམས་ནས་ལག་ཉུལ་ཞིག་བྱས་པས་སྐྱག་པ་ལག་ཏུ་འབྱར། སྐྱུག་བྲོ་བའི་དྲི་ཆེན་ལག་ཏུ་འབྱར་དུས་ལག་རྡེབ་ཅིག་བྱས་པས་ལག་པ་རྡོ་ལ་ཕོག་ནས་ན་ཟུག་ཆེན་པོ་སྐྱེས། ཁོའི་སེམས་སུ་ད་ནི་རྩྭ་ཡིས་ཀྱང་ང་དགྲ་རུ་བསྒོམས་ཏེ་སོ་བཏབ་བྱུང་ཞེས་བསམས་ནས་འཇིགས་པ་ཆེན་པོའི་ངང་མར་ཕྱག་ཕྲེང་ལུང་པར་འོང་མ་ཕོད་པར་ཡར་བྲོས་སོང་། དེ་ཡང་སྐག་ཐར་ཚེ་རིང་སྨན་བ་ལུང་པར་འབྱོར་དུས། ཕྱག་ཕྲེང་ལ་ནི་བྱ་རིགས་མིའི་འབོད་ཤེས་མཁན་དང་། འབུ་འཛིང་འཛིང་འཛིང་ཟེར་བཞིན་དགྲ་སློང་བྱེད་ཤེས་མཁན།སོ་བཏབ་ཤེས་པའི་རྩྭ་བཅས་ཡོད་ཚུལ་དང་། ང་ཚོ་ཕྱག་ཕྲེང་ལུང་པ་ཇག་མ་སོང་ན་དགའ་ཞེས་བཤད་པས། ཇག་པ་གཞན་པ་རྣམས་ཀྱིས་ཀྱང་འདི་འདྲ་ཡིན་ན་ཇག་ལ་མ་སོང་ན་དགའ་སྙམ་སྟེ་སྔོན་མའི་འཆར་གཞི་བསྐྱུར་ནས་སོ་སོར་གྲོལ་ནས་རང་ཁྱིམ་དུ་ལོག་གོ།
|